སྙན་ངག་ཟླ་བའི་ཉིན་རེའི་སྙན་ངག་གི་མཆོད་པ།
Poetry Month Daily Offering

༢༠༢༠ ལོའི་སྨྲེང་གླུ།

སྙན་ངག་མཁན་དང་གྱེར་འདོན་པ། བསྐལ་བཟང་ལྷ་མོ།
The Blues of 2020, written and read by Kelsang Lhamo

སྙན་ངག་མཁན་བསྐལ་བཟང་ལྷ་མོ་ལགས་ཀྱིས་ཏོག་དབྱིབས་ནད་ཡམས་ཀྱི་སྡུག་བསྔལ་མངོན་པའི་སྙན་ངག “༢༠༢༠ལོའི་སྨྲེང་གླུ།”ཞེས་པ་དེ་ངེད་ཚོར་གྱེར་འདོན་མཛད། བསྐལ་བཟང་ལྷ་མོ་ལགས་ནི་ཨ་རིར་བརྟེན་གཞི་བྱས་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལས་བྱེད་རྒན་པ་ཡིན་ཞིང་། ཁོང་གིས་གྲོང་ཁྱེར་སྦོ་སི་ཊོན་ནས་ངེད་ཚོར་སྙན་ངག་དེ་སྤྲིངས་གནང་མཛད། 

Poet Kelsang Lhamo reads her own work about the Coronavirus experience entitled “The Blues of 2020.” Kelsang Lhamo, who is Senior Librarian and Cataloger at the Buddhist Digital Resource Center (BDRC), sent us her video from Boston. 

༢༠༢༠ ལོའི་སྨྲེང་གླུ།

༄། རྒྱལ་ཀུན་འཕྲིན་ལས་རང་གཟུགས་སྒྲོལ་མ་ཡུམ།།
ངག་ལ་ངག་གི་དཔལ་སྟེར་སྒྲ་དབྱངས་ལྷ།།
ཆོས་མཛད་བུ་བཞིན་སྐྱོང་མཛད་དམག་ཟོར་ཡུམ།།
དབྱེར་མེད་ཙན་མུ་དྲ་དེས་བདག་སྐྱོངས་ཤིག།

གང་གི་ཐུགས་རྗེའི་འོད་ཆགས་རིང་པོ་ལ།།
དད་གུས་གསེར་གྱི་ཐག་པས་ཡུན་རིང་དུ།།
ལྷོད་མེད་སྤྲེལ་བའི་འཆིང་བ་བརྒྱ་ལྡན་དག།
མྱ་ངན་ཞུ་ཡུས་འདི་ལ་རེ་ཞིག་དགོངས།།

ཇི་ལྟར་གཤེད་མས་ཁྲིད་པའི་བསད་བྱ་བཞིན།།
ཡུན་ཙམ་གཅིག་ལ་ལུས་སེམས་འབྲལ་བྱེད་པའི་།།
སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་འདི་ཡིས་ནི།།
འཇིག་རྟེན་ཁམས་འདི་དུས་གཅིག་མོག་པོར་བཏང་།

ལས་དང་གློ་བུར་རྐྱེན་དབང་གར་སྟབས་ལས།།
འབྲས་བུ་དུས་སུ་འབྱུང་བ་སུ་ཡིས་འགོག།
ཉེས་བརྒྱའི་རྣམ་སྨིན་དུས་སུ་བདོ་བ་ཡིས།།
གཤིན་རྗེའི་རྒྱལ་ཁམས་ལྟ་བུར་གྱུར་འདི་སྐྱོ།།

ཕྱི་སྣོད་འཇིག་རྟེན་ནད་ཀྱིས་འགོས་དྭོགས་ནས།།
འགྲོ་བར་འདོད་ཀྱང་གོམ་པ་སྤོ་མ་ནུས།།
བཅུད་ཀྱི་སེམས་ཅན་ནད་ཀྱིས་ཟིན ་དྭོགས་ནས།།
ཁྱིམ་མཚེས་ལའང་རྒྱང་ནས་གཡབ་ཅིང་བྲོས།།

ཉིན་རེར་ནད་པའི་གྲངས་ཚད་ཡར་ཡར་འཕར།།
འདི་ནས་ཕྱི་མར་བཞུད་པ་གྲངས་ལས་འདས།།
ཀུན་གྱི་ཡིད་ལ་འཇིགས་དངངས་ཇེ་ཆེར་འཕེལ།།
སྐྱོ་སྣང་སེམས་ཀྱི་ཟུག་རྔུ་བཟོད་གླགས་བྲལ།།

དྲིན་ཅན་བླ་མ་མ་མཇལ་སྣང་ སེམས་སྐྱོ།།
དགའ་བའི་སྙིང་གྲོགས་ཕྲལ་བས་ཅི་བྱ་བྲལ།།
འདུས་མཐར་བྲལ་བ་འཁོར་བའི་ཆོས་ལགས་ཀྱང་།།
གློ་བུར་བྱིན་པའི་གདུང་བ་སུ་ཡིས་རྟོགས།།

ལོ་ཟླ་ཚེས་ཞག་དམག་གིས་རྒྱབ་ནས་དེད།།
ནད་ཡམས་ཕོ་ཉས་ཕྱོགས་མཐའ་ཀུན་བསྐོར་ནས།།
ཚེ་འདི་མི་རྟག་སྐད་གཅིག་གློག་དང་འདྲ།།
སྲོག་འདི་མི་རྟག་ཆུ་ཡི་ལྦུ་བ་འདྲ།།

གཏོ་བཅོས་རིམ་གྲོའི་བྱིན་རླབས་འཇུག་མ་ནུས།།
སྨན་དང་རྫས་ཀྱི་ནུས་པས་ཕན་མ་ཐོགས།།
ཚན་རིག་མཁས་པའི་ཐབས་ཤེས་རྗེས་སུ་ལུས།།
སྐྱབས་མེད་མགོན་མེད་འགྲོ་རྣམས་སྙིང་རེ་རྗེ།།

གསོན་པའི་རེ་བ་སྐད་ཅིག་རེ་འགའ་ཙམ།།
མི་འདོད་སྡུག་བསྔལ་རླུང་འཚུབ་ལས་ཀྱང་མགྱོགས།།
འཁོར་བའི་རང་བཞིན་བསམ་བཞིན་བསམ་བཞིན་དུ།།
སྐྱོ་ཉམས་ཡི་ཆད་མིག་ཆུར་རྫོགས་མཐའ་མེད།།

རང་གི་ཆ་ཤས་ཡན་ལག་ཉིང་ལག་ཀྱང་།།
ཡིད་ཆེས་མེད་པའི་གནས་སྐབས་འདི་ལྟ་ན།།
ཡིད་ཆེས་འོས་པའི་གནས་ཤིག་མི་འདུག་པས།།
འཆོལ་བའི་སེམས་ལ་རང་དབང་ཅང་མ་མཆིས།།

གོ་ལའི་མཐའ་སྣེ་བཅད་པས་བློ་མ་བདེ།།
གསོན་ཤུགས་རྟ་རྔ་ཆད་པས་ཡིད་ཀློང་ཀློང་།
མི་ལུས་ཐོབ་ཀྱང་རྣམ་གཡེང་དབང་དུ་ཤོར།།
སྒྲེན་མོ་ཕྱོགས་མེད་བདག་ལ་ལྷ་མོས་གཟིགས།།

འདུས་བྱས་འཇའ་ཚོན་འདྲ་བ་འདི་ནས་ཤེས།།
བརྟན་བྲལ་སྲིད་པའི་ ཕུན་ཚོགས་འདི་ནས་ཤེས།།
མངོན་ཞེན་སྲེད་པའི་འཆིང་ཞགས་འདི་ནས་བོར།།
རོ་སྙོམས་ཆོས་ཀྱི་བྲོ་བ་འདི་ནས་རྙེད།།

འཆི་བདག་བདུད་ནི་ཉ་པའི་ལྕགས་ཀྱུ་འདྲ།།
ཤིན་ཏུ་ཕངས་པའི་སྒྱུ་མའི་ལུས་འདི་ཡང་།
གོས་རྙིང་ལམ་དུ་བོར་བཞིན་འགྲོ་ལ་ཁད།།
མ་ཡི་ཏིང་འཛིན་བདེ་རུམ་གཉོར་དུ་གསོལ།།

ལས་ངན་འདི་ལས་སྐྱོབས་ཤིག་ལྷ་ཡི་ཚོགས།།
ནད་ངན་འདི་ལས་སྲུངས་ཤིག་སྲུང་མའི་ཚོགས།།
གཏོང་ལེན་མཛོད་ཅིག་བྱང་ཆུབ་སེམས་དཔའི་ཚོགས།།
སྡུག་བསྔལ་འདི་ལས་འགྲོ་རྣམས་སྐྱོབ་ཏུ་གསོལ།།

ལྷ་དང་བླ་མ་མཁའ་འགྲོ་ཆོས་སྐྱོང་དང༌།
དྲང་སྲོང་བདེན་ཚིག་གྲུབ་དང་རྣམ་དག་སོགས།།
འགྲོ་བའི་མགོན་གྱུར་ཁྱེད་རྣམས་སྤྱན་གྱིས་གཟིགས།།
སྤྱི་མཐུན་ལས་ཀྱིས་མནར་ལ་ཐུགས་རྗེས་སྐྱོངས།།

བསྐལ་ལྷས་ཟླ་ཚེས་དགེ་བར་ཕྱི་དྲོར་ཕྱི་དྲོའི་ཐུན་མཚམས་སུ་
གྲོང་ཁྱེར་སྦོ་སེ་ཊོན་གྱི་རང་ཤག་རྨི་ལམ་འདུན་ཁང་ནས་ཕུལ།

Tags: , , , ,
Latse