“ང་ཚོ་ལ་ཆ་བཞག་ན་འདི་ནི་གནས་མཆོག་ལྷ་ས་དང་འདྲ་བོ་འདུག”
“It Looked Like Holy Lhasa to Us.”

དགེ་རྒན་ཆེན་མོ་རོན་ སེ་ལ།
Professor Ron Sela

བོད་རིག་པའི་མཁས་དབང་དགེ་རྒན་ཆེན་མོ་ཨེ་ལིའོ་ཊི་ སྤེར་ལིང་འདས་ནས་ལོ་ངོ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་དང་“ལམ་ལ་”ཞེས་པའི་འགྱུར་དེབ་འགྲེམ་སྤེལ་གྱི་མཛད་སྒོའི་སྟེང་སྤེལ་བའི་གཏམ་བཤད།
“ང་ཚོ་ལ་ཆ་བཞག་ན་འདི་ནི་གནས་མཆོག་ལྷ་ས་དང་འདྲ་བོ་འདུག” བོད་དང་ཕམ་པའི་མི་རབས།
ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་ སྤྱི་ལོ་ ༢༠༢༢ ལོའི་ཟླ་དང་པོའི་ཚེས་ ༢༧ ཉིན།

ལོ་ལྔ་ཡི་གོང་དུ་ཕལ་ཆེར་ཁྱེད་ཅག་མང་ཆེ་བས་ངོ་ཤེས་ཤིང་། ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོར་དགེ་རྒན་ཆེན་མོའི་ཕྱག་ལས་གནང་མྱོང་བའི་ཨེ་ལིའོ་ཊི་ སྤེར་ལིང་ལགས་ནེའུ་ཡོག་གྲོང་ཁྱེར་གྱི་རང་ཤག་ཏུ་གློ་བུར་དུ་འདས་པར་གྱུར།

ཨེ་ལིའོ་ཊི་ སྤེར་ལིང་ ༡༩༨༥ ལོར་བོད་དུ།

དུས་དེ་ནས་བཟུང་ལོ་རེའི་ཁོང་གི་འདས་མཆོད་ཀྱི་སྐབས་སུ་ང་ཚོས་ཁོང་གི་སྐུ་ཚེ་དང་འབྲེལ་ནས་དམིགས་བསལ་མཛད་རིམ་ཞིག་གོ་སྒྲིག་ཞུ་བཞིན་ཡོད།  ལོ་འདིར་དུས་དྲན་དེ་ནི་ཇག་ ཁེ་རོ་ཨག་ལགས་ཀྱིས་བརྩམས་པའི་“ལམ་ལ་”ཞེས་པའི་བརྩམས་སྒྲུང་བོད་འགྱུར་མའི་པར་སྐྲུན་དང་སྟབས་འཁེལ་བ་མ་ཟད། ད་དུང་རྩོམ་པ་པོ་ཇག་ ཁེ་རོ་ཨག་གི་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་འཁེལ་བར་གྱུར།

ཐོག་མའི་འཆར་གཞི་ནི་ང་ཚོ་ཚོགས་ཁང་ཞིག་ཏུ་འཛོམས་ནས་ཇེ་ཛི་རོལ་དབྱངས་པ་དང་།  བོད་ཀྱི་ཟས་རིགས། དེ་མིན་གྱི་ངོ་མཚར་བྱེད་སྒོ་མང་པོ་བཅས་པའི་འདུ་འཛོམས་ཆེན་པོ་ཞིག་གོ་སྒྲིག་བྱེད་འཆར་ཡོད།  ང་ཚོའི་དམིགས་ཡུལ་གྲས་ཀྱི་གཅིག་ནི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོ་ནི་དེ་འདྲའི་ཐུན་མོང་མ་ཡིན་པའི་ས་གནས་ཤིག་ཡིན་པ་སྟོན་ཆེད་ཡིན་ལ། དེ་ཡང་བོད་རིག་པའི་སློབ་སྦྱོང་ནས་རོལ་དབྱངས་སློབ་གླིང་དང་། “ལམ་ལ་”ཞེས་པའི་སྒྲུང་དེབ་ཀྱི་རྩོམ་གདན་ཤོག་དྲིལ་མ་དེ་བདག་ཉར་བྱེད་མཁན་གྱི་ལི་ལེ་དཔེ་མཛོད་ཁང་དང་བཅས་ཚོགས་ཁང་གཅིག་ཏུ་འཛོམས་ཐུབ་པ་ཞིག་ཡོད། 

འོན་ཀྱང་ནད་ཡམས་འཕེལ་བཞིན་ཡོད་པ་དང་། དེ་འབྲེལ་གྱི་ལབ་ལོབ་རྣམས་ཁྱེད་ཅག་ལ་ཞུ་ག་ལ་དགོས།

ང་ཚོས་མཛད་རིམ་འདི་ལ་“ང་ཚོ་ལ་ཆ་བཞག་ན་འདི་ནི་གནས་མཆོག་ལྷ་ས་དང་འདྲ་བོ་འདུག  བོད་དང་ཕམ་པའི་མི་རབས།”ཞེས་མིང་དུ་བཏགས་ཡོད། མིང་འདིའི་ཆ་ཤས་དང་པོ་དེ་ནི་ཁེ་རོ་ཨག་ལགས་ཀྱི་“ལམ་ལ་”ཞེས་པའི་སྒྲུང་རྩོམ་ལས་ཐད་ཀར་དྲངས་པ་ཡིན། ལུང་འདྲེན་གྱི་མཚམས་དེར་འགྲུལ་བཞུད་པ་རྣམས་ཀྱིས་ཨ་རིའི་ས་མཚམས་བརྒལ་མ་ཐག་ཏུ་གཙང་པོ་རེའུ་ གྷ་རནད་ཅེས་པའི་རྒྱུད་དུ་ཆགས་ཡོད་པའི་མེག་སི་ཁོ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ནེ་ཝུ་ ལ་རེ་ཌོ་དེ་ནི་གནས་མཆོག་ལྷ་ས་དང་མཚུངས་པའི་སྐོར་བརྗོད་ཡོད། འདི་ནི་སྤྱི་ལོ་ ༡༩༤༠ དང་ ༡༩༥༠ རྩ་གྲངས་ཀྱི་ནང་ལ་མི་རྣམས་ཀྱིས་བོད་ཀྱི་སྐོར་ལ་བསམ་བློ་གཏོང་སྐབས་ཐོག་མར་ཤར་ཡོང་བ་དེ་མིན་ཤས་ཆེ་ཡང་། ཁེ་རོ་ཨག་ལགས་ལ་ནི་བརྗོད་གཞི་སྣ་ཚོགས་པ་ནས་སེམས་འགུལ་ཐེབས་འདུག

ཁེ་རོ་ཨག་དང་བོད་ཀྱི་འབྲེལ་བ་(མ་མཐའ་ལ་ཡང་མི་རྣམས་ཀྱིས་བོད་རེད་ཅེས་བསམས་པར་གྱུར་བའི་སྒེའུ་ཁུང་ལྟ་བུར་གྱུར་པའི་ནང་པའི་ཆོས་ཀྱི་རྣམ་པ་ལྟ་བུ་ཞིག་)ནི་སྔ་མོ་ཞིག་ནས་གྲུབ་ཡོད་པར་སྣང་།  འབྲེལ་བ་དེ་ནི་ཁེ་རོ་ཨག་ལགས་ཀྱི་མིང་ཚིག་འདམ་སྒྲུག་ཁྲོད་ན་གསལ། འབྲེལ་བ་དེ་ནི་ཁོང་གི་བསམ་བློ་གཏོང་ཕྱོགས་འགའ་ཞིག་གི་ཁྲོད་ན་གསལ། འབྲེལ་བ་དེ་ནི་ཁོང་སྒེར་གྱི་གྲོགས་པོའི་འབྲེལ་བའི་ཁྲོད་ན་གསལ།

འབྲེལ་བ་དེ་ནི་ཕྱོགས་གཅིག་ཁོ་ནའི་འབྲེལ་བ་ཞིག་ཡིན་པར་སྣང་།  དེ་ཡང་བོད་ཀྱི་སྐོར་ལ་སློབ་སྦྱོང་དང་མྱོང་རྒྱུས་བྱས་པའམ། ཡང་ན་བོད་ཀྱི་ནང་ཆོས་ཀྱིས་ཕམ་པའི་མི་རབས་ལ་ཐེབས་པའི་ཤུགས་རྐྱེན་སྐོར། ཡང་ན་ཕམ་པའི་མི་རབས་ཀྱི་ཚོགས་མི་རྣམས་ཀྱིས་ཨ་མེ་རི་ཀ་བ་རྣམས་ཀྱི་ཆོས་ལུགས་སྤྱི་དང་བྱེ་བྲག་ནང་པའི་ཆོས་ལ་ལྟ་སྟངས་ཐད་ལ་ཤུགས་རྐྱེན་ཐེབས་པའི་སྐོར་བཅས་རེད། འོན་ཀྱང་ངས་ཤེས་གསལ་ལྟར་བྱས་ན། ཇག་ ཁེ་རོ་ཨག་ལགས་ཀྱིས་བོད་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ལ་སུ་གང་གིས་ཀྱང་བྲིས་མེད་པ་རེད། དེ་ཡང་དེ་ལྟར་འབྲི་དགོས་པའི་རྒྱུ་མཚན་གང་ཡང་མེད་དེ། དེ་ལ་ཤུགས་རྐྱེན་ག་རེ་ཞེས་མི་སུས་ཀྱང་རྒྱུ་མཚན་ལྡན་པའི་ཐོག་ནས་འདྲི་འོས་པ་ཞིག་རེད།

འོན་ཀྱང་ཨེ་ལིའོ་ཊི་ཡིས་བསམ་བློ་གཞན་ཞིག་བཏང་ཡོད། “ལམ་ལ་”ཞེས་པའི་དེབ་འདི་བོད་སྐད་དུ་བསྒྱུར་རྒྱུ་དེ་ནི་ཨེ་ལིའོ་ཊི་ལགས་ཀྱི་བསམ་བློ་རེད། “ལམ་ལ་”ཞེས་པའི་དེབ་འདི་སྒྱུར་མཁན་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་ང་ཚོའི་དགེ་གྲོགས་རྒན་དགེ་འདུན་རབ་གསལ་ལགས་ཀྱང་ཨེ་ལིའོ་ཊི་ཡི་གྲོགས་པོ་དང་དགེ་གྲོགས་རེད། ད་ལྟའི་ཆ་ལ་མཐར་ང་ཚོ་ལ་“ལམ་ལ་”ཞེས་པའི་བོད་འགྱུར་ཡོད་པའི་སྐབས་འདི་ལ་ཨེ་ལིའོ་ཊི་ལགས་ཀྱིས་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་ལ་ངོ་སྤྲོད་ཐུབ་པ་ཡོང་གི་རེད་ཅེས་བསམས་ཆོག་པ་རེད་མོད།  འོན་ཀྱང་ངོ་སྤྲོད་ཅི་ཞིག…

ཅིའི་ཕྱིར་“ལམ་ལ་”ཞེས་པའི་དེབ་འདི་བསྒྱུར་དགོས་པ་རེད།  ཨེ་ལིའོ་ཊི་ལ་དེའི་རྒྱུ་མཚན་ཡང་ཡོད་པ་ཪེད།  དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ནང་ངམ་དེའི་རྗེས་ནས་གཞོན་རབས་པ་ཚོས་དེབ་འདི་བཀླགས་པ་ལ་བརྟེན་ནས་ཤུགས་རྐྱེན་ཐེབས་པ་ཇི་བཞིན།  དེབ་འདིས་ཨེ་ལིའོ་ཊི་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།  དེབ་འདི་ནི་མི་རབས་སམ་མི་ཐོག་གཅིག་གིས་དོན་གསར་པ་མང་པོ་ལ་རོལ་མྱོང་བྱེད་པའམ་ཡང་ན་གློ་བུར་དུ་རོལ་མྱོང་བྱེད་དུ་འཇུག་པའི་གདན་འདྲེན་གྱི་ཞུ་ཡིག་ལྟ་བུ་ཞིག་ཏུ་གྱུར་ཡོད། ཨེ་ལིའོ་ཊི་ལ་མཚོན་ན། ཁོང་གིས་ཡང་ནས་ཡང་དུ་བཤད་མྱོང་བ་ལྟར། ཕམ་པའི་མི་རབས་དང་རྒྱུན་ལྡན་གྱི་རིག་གཞུང་ལ་ཁ་གཏད་འཇལ་བའི་ལས་འགུལ་དག་གིས་སྐྱེ་བོ་སྒེར་པ་རྣམས་ཀྱིས་ཆབ་སྲིད་དང་། ཆོས་ལུགས། སེམས་ཚོར། སེམས་ཁམས། དེ་བཞིན་མཐོང་རྒྱ་དང་ཐོས་རྒྱ་བཅས་རྒྱ་སྐྱེད་དུ་བཅུག་པ་མ་ཟད་དེ་དག་ལ་དོགས་འདྲི་ཡང་བྱེད་དུ་བཅུག་ཡོད་པ་རེད།  ཁེ་རོ་ཨག་དང་ཁོང་གི་གྲོགས་པོ་རྣམས་ཀྱིས་བྱས་པ་ཇི་བཞིན་འགྲུལ་བཞུད་བྱེད་རྒྱུ་ནི་གོང་གསལ་རྒྱ་སྐྱེད་དེའི་མེད་དུ་མི་རུང་བའི་ཆ་ཤས་ཤིག་རེད།

སྤྱི་ལོ་ ༡༩༦༩ ལོར་རང་ལོ་ ༡༨ ཡིན་པའི་ཨེ་ལིའོ་ཊི་ཡིས་ནེའུ་ཡོག་གི་ཝུད་སི་ཋོག་ཅེས་པའི་རྩྭ་སར་འཚོགས་པའི་རོལ་དབྱངས་འདུ་འཛོམས་ལ་འགྲོ་ཆེད་རླངས་འཁོར་སྒུག་བསྐྱོད་བྱས་པ་རེད།  (ཨེ་ལིའོ་ཊི་ལགས་ཀྱིས་ “སུ་”ཞེས་པའི་རོལ་དབྱངས་རུ་ཁག་གིས་གླུ་གཞས་བླངས་པ་རྣམས་ནི་ཧ་ཅང་ཡིད་དུ་འོང་ཤོས་དེ་ཡིན་ཞེས་ཡང་ཡང་བརྗོད་མྱོང་།)

སློབ་གྲྭ་ཆེན་མོའི་ལོ་རིམ་དང་པོའི་སློབ་མཇུག་ཏུ་ཨེ་ལིའོ་ཊི་དང་གྲོགས་པོ་ཞིག་བཅས་ནེའུ་ཡོག་ནས་ཁ་ལི་ཧྥོར་ནི་ཡ་བར་དུ་རླངས་འཁོར་སྒུག་སྐྱོད་བྱས་པ་རེད་ལ། ཁོང་གིས་བཅར་འདྲི་ཞིག་གི་སྐབས་སུ་ “ཁེ་རོ་ཨག་ཇི་བཞིན་”ཕྱིན་པ་ཡིན་ཞེས་བརྗོད་འདུག

ཧི་ཕི་འགྲུལ་ལམ་གྱི་ས་ཁྲ།

དེ་ནས་ལོ་གཉིས་ཀྱི་རྗེས་ལ་ཨེ་ལིའོ་ཊི་ཡིས་ཋར་ཁིའི་རྒྱལ་ཁབ་ཀྱི་རྒྱལ་ས་ཨེ་སི་ཋན་བྷུལ་ནས་རྒྱ་གར་བར་དུ་རླངས་འཁོར་སྒུག་སྐྱོད་བྱས་སྐབས་སུ་ཁེ་རོ་ཨག་ལགས་ཀྱི་“ལམ་ལ་”ཞེས་པའི་དེབ་འདི་ཡང་འགྲུལ་བཞུད་དེའི་རྒྱབ་ལྗོངས་ན་ཡོད་པ་རེད།  ཨེ་ལིའོ་ཊི་ལགས་ཀྱི་འགྲུལ་བཞུད་དེ་ནི་“རྐྱལ་སྟོང་ངམ་ཧི་ཕིའི་འགྲུལ་ལམ་”ཞེས་འབོད་པ་དེའི་ཆ་ཤས་ཤིག་ཡིན་པ་བཤད་ག་ལ་དགོས། ཕྱི་རྒྱལ་བ་ལོ་གཞོན་མང་པོས་ལམ་དེ་དེད་ཡོད་པ་རེད་ལ། ལམ་ནས་ཕན་ཚུན་ལ་རྒྱུས་ཡོད་རྒྱུས་གཏམ་བཤད་པ་མ་གཏོགས།  ཁོང་ཚོ་བསྐྱོད་སའི་ས་གནས་ཀྱི་ལོ་རྒྱུས་ཤེས་ཚད་དམའ་བའམ། ཡང་ན་ས་གནས་ཀྱི་རིག་གནས་དང་སྐད་ཡིག་གི་ཆུ་ཚད་དམའ་བ་ཡང་བཤད་ག་ལ་དགོས། དངོས་གནས་བཤད་ན་སྤྱི་ལོ་ ༢༠༠༦ ལོར་ཨེ་ལིའོ་ཊི་རང་ཉིད་ཀྱིས་ས་གནས་རླུང་འཕྲིན་ཁང་ཞིག་ལ་བརྗོད་དོན། “འགྲུལ་བཞུད་དེ་དག་ལ་ནི་ཧ་ལམ་ཁེར་རྐྱང་ངམ་ཕྱོགས་གཅིག་གི་རྣམ་པ་ཞིག་ཡོད་དེ། ནུབ་ཕྱོགས་པའི་འགྲུལ་པ་རྣམས་ཀྱིས་ནུབ་ཕྱོགས་པའི་འགྲུལ་པ་གཞན་དག་ལ་ཅི་ཞིག་བྱེད་དགོས་པ་དང་གང་ལ་འགྲོ་དགོས་པའི་སྐོར་འདྲི་བཞིན་ཡོད་པ་རེད།”ཅེས་བཤད་པ་ལྟར་རེད། འོན་ཀྱང་། མཐའ་ན་ཁེར་རྐྱང་གི་རྣམ་པ་ཅན་ཞིག་ཡིན་ན་ཡང་མཐར་མི་ཚེ་ལ་འགྱུར་བ་གཏོང་བའི་ཉམས་མྱོང་ལ་འཁྲིད་སྲིད་པ་ཞིག་རེད།

ཁ་ཆེའི་སྟོན་པའི་ཁྲི་རབས་རི་ཛ་ཡི་གསེར་ཁང་།

དེ་ལྟར་ན་“ལམ་ལ་”ཞེས་པའི་དེབ་འདི་ནི་ཨེ་ལིའོ་ཊི་ལགས་ནེའུ་ཡོག་གི་ཝུད་སི་ཋོག་ལ་ཕྱིན་སྐབས་སུ་ཁོང་དང་འགྲོགས་ནས་ཡོད་ལ། དེབ་དེ་ནི་ཁོང་ཋར་ཁི་རྒྱལ་ཁབ་ཀྱི་རྒྱལ་ས་ཨེ་སི་ཋན་བྷུལ་གྲོང་ཁྱེར་གྱི་ཁ་ཆེའི་མཆོད་ཁང་གི་ལྕོག་རིལ་རིང་མོ་ལ་ལྟ་སྐབས་སུའང་མཉམ་དུ་ཡོད། དེ་བཞིན་གྲོང་ཁྱེར་ཨེར་ཛུ་རུམ་གྱི་དུས་རབས་བར་མའི་ཆོས་ཁང་སེལ་ཇུག་  མ་ཌེ་ར་ས་ཞེས་པར་ཕྱིན་སྐབས་ཡང་འགྲོགས་ནས་ཡོད། ཨི་རན་རྒྱལ་ཁབ་ཀྱི་ཊབ་རི་ཛི་གྲོང་ཁྱེར་གྱི་ཁྲོམ་རའི་ཁང་རྙིང་དེ་བསྐོར་སྐབས་དང་།  དེ་བཞིན་རྒྱལ་ས་ཋེ་རན་གྱི་སྲང་ལམ་འཁྲུག་པོ་རྣམས་མྱུལ་སྐབས་ཀྱང་འགྲོགས་ནས་ཡོད། དེ་བཞིན་ཨི་རན་རྒྱལ་ཁབ་ཀྱི་བྱང་ཤར་གྲོང་ཁྱེར་མ་ཤ་ཌིའི་ཆོས་ཁང་གྷོ་ཧར་ཤེ་ཌི་དང་། ཁ་ཆེའི་སྟོན་པའི་ཁྲི་རབས་རི་ཛ་ཡི་གསེར་ཁང་ལ་རྟོག་སྐབས་དང་། དེ་ནས་ཨབ་གྷ་ནི་སི་ཋན་གྱི་གྲོང་ཁྱེར་ཧེ་ར་ཋི་ཡི་ཆོས་ཁང་དང་ཁྲོམ་ར་མྱུལ་སྐབས་སུའང་འགྲོགས་ནས་ཡོད།  དེ་བཞིན་ཡུལ་དེའི་བྷ་མི་ཡན་ལྗོངས་སུ་ཡོད་པའི་སྟོན་པའི་སྐུ་གཟུགས་ཆེན་པོ་ཉེ་ཆར་བཤིག་པར་གྱུར་པ་དེ་ལ་མཇལ་སྐབས་དང་། དེ་ནས་ཨབ་གྷ་ནི་སི་ཋན་གྱི་རྒྱལ་ས་ཀ་བྷུལ་དང་།  དེ་ནས་པ་ཀི་སི་ཋན་གྱི་གྲོང་ཁྱེར་པི་ཤི་ཝོར་ལ་ཕྱིན་སྐབས་ཀྱང་དེབ་འདི་མཉམ་དུ་ཡོད་པ་ཚོར་ཡོད།

མཐར་ཁོང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་འབྱོར་བ་དང་། ཁོང་གི་འགྲུལ་རོགས་ཤིག་གིས་ལོ་ཆུང་ན་གཞོན་ཨེ་ལིའོ་ཊི་ལགས་རྒྱལ་ས་ལྡི་ལི་ན་ཡོད་པའི་བོད་ཀྱི་ཁང་པ་ཞེས་པ་ལ་འཁྲིད་པ་རེད།  དེ་རུ་ཆེས་ཐེངས་དང་པོར་ཁོང་གིས་བོད་ཀྱི་དགེ་འདུན་པ་ཞིག་མཐོང་བར་གྱུར་ཅིང་།  དེ་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཋི་མན་ཌུ་དང་མཐར་བཙན་བྱོལ་བོད་མིའི་རྒྱལ་ས་རྡ་རམ་ས་ལ་བསླེབས་པ་རེད།

དེ་ནས་རྗེས་ཀྱི་བྱུང་བ་རྣམས་ནི་ཤེས་གསལ་རེད།

དེ་ལྟར་ན།  ཁེ་རོ་ཨག་དང་། ཁོང་གི་གཟུགས་བཅས་དང་གཟུགས་མེད་ཀྱི་འགྲུལ་བཞུད་དེ་ལ་མཚོན་ན། དེས་འཛམ་གླིང་སྟེང་གི་བོད་ཀྱི་རྒྱལ་རབས་པ་གལ་ཆེ་ཤོས་ཀྱི་གྲས་ཤིག་སྐྱེད་སྲིང་བྱེད་རྒྱུ་ལ་སྐུལ་འདེད་བྱེད་པའི་ལག་རྗེས་བཞག་ཡོད་པ་རེད།

མེག་ལོར་གན་ཇི།  ༡༩༧༡ ལོར། ཨེ་ལིའོ་ཊི་ཡིས་པར་བླངས།

ཨེ་ལིའོ་ཊི་ལགས་ཀྱིས་རང་གི་ལོ་གཞོན་གྱི་སེམས་ཤུགས་དང་ཡང་ན་ཧ་ལམ་དྲང་མོ་སྣ་རྐྱང་གི་བསམ་བློ་ཞིག་དང་བཅས་“ལམ་ལ་”ཞེས་པའི་བོད་འགྱུར་ཞིག་ཡོད་ན། དེས་ཁོང་ལ་ཤུགས་རྐྱེན་ཐེབས་པ་ཇི་བཞིན་བོད་ཀྱི་གཞོན་སྐྱེས་ཚོར་ཡང་ཤུགས་རྐྱེན་ཐེབས་ཀྱི་རེད་ཅེས་ཡིད་ཆེས་ཤིག་བྱས་ཡོད་ཅིང་།  དེ་འདྲའི་འགྱུར་ཞིག་འགྲུབ་རྒྱུའི་མཐུན་རྐྱེན་སྒྲུབ་པ་དང་། དེ་བཞིན་བོད་མི་ཚོར་དེབ་འདི་འདྲ་ཞིག་དགོས་པའི་གནད་དོན་རྩལ་འདོན་བྱེད་པའི་ཁྲོད་དུ། ཨེ་ལིའོ་ཊི་ལགས་ཀྱིས་མིང་ཚིག་དཔེར་ན་བཅིངས་འགྲོལ་དང་དེང་རབས། རྩོམ་རིག  རང་དབང་། ད་དུང་གང་ཡིན་ཡང་འགྲུབ་སྲིད་པ་སོགས་བཤད་ཀྱི་རེད། འོན་ཀྱང་དེ་རྣམས་དེབ་ཅིག་ལས་འགྲུབ་པར་བྱེད་རྒྱུ་ནི་ཏན་ཏན་དཀའ་བ་ཞིག་རེད།

དེ་ལྟ་བུའི་སྨོན་འདུན་ནི་རིགས་སྣ་ཚོགས་པ་ཞིག་དང་ལྟོས་བཅས་ཤིག་ཡིན་པ་ནི་ཞུ་ག་ལ་དགོས། གཙོ་བོར་ཨ་མེ་རི་ཀ་བའི་གཞོན་སྐྱེས་མི་རབས་རྣམས་ལ་ཕན་བཏགས་པའི་ཐ་སྙད་དང་བསམ་བློ་སྐོར་ཞིག་གིས་བོད་མི་ཚོར་ཡང་དེ་ལྟར་བྱེད་ཐུབ་པའམ་བྱེད་དགོས་པའི་སྐོར་ལ་མི་སུ་ཡིན་ཡང་ཐེ་ཚོམ་ཅན་གྱི་བསམ་གཞིགས་ཤིག་བྱེད་ངེས་རེད།  འོན་ཀྱང་།  ཨེ་ལིའོ་ཊི་ལགས་ནི་རྨི་ལམ་གཏོང་མཁན་ཞིག་རེད་ལ། རྨི་ལམ་ནི་གལ་ཆེན་པོ་རེད།

Tags: , , , , ,

Leave a comment
མཆན་འཇོག་རོགས་གནང་།

Your email address will not be published. Required fields are marked *

Latse