སྲིད་པའི་གངས་རི།

སྙན་ངག་མཁན་དང་གྱེར་འདོན་པ། ཚེ་རིང་སྐྱིད།

Snow Mountain of Samsara, written and read by Tsering Kyi

ཐེམ་སྤང་གི་བཀའ་རྒྱའི་འོག་ལ་ཁྱིམ་ནས་བྱ་བ་སྒྲུབ་བཞིན་པའི་ང་ཚོས་སྐབས་རེ་དུས་ཚོད་ངེས་རྒྱུ་ཡང་བརྗེད་ནས་ཚེས་གྲངས་དང་ཉིན་མ་མི་དྲན་པར་བྱེད། དི་རིང་རེས་གཟའ་པ་སངས་ཡིན་པ་གློ་བུར་རྟོགས་པས། གཟའ་མཇུག་འདིར་གྲོགས་པོ་རྣམས་ལ་སེམས་ཤུགས་སྤར་བའི་སྙན་ངག་གཅིག་འབུལ་རྒྱུ་བྱུང་བས་དགའ་བ་འཕེལ། ད་རེས་ཀྱི་སྙན་ངག་གྱེར་འདོན་པ་དང་མཁོ་སྤྲོད་གནང་མཁན་ནི་ཨ་རིར་བཞུགས་པའི་ཚེ་རིང་སྐྱིད་ལགས་ཡིན། ཁོང་གིས། “སྲིད་པའི་གངས་རི།” ཞེས་པའི་རང་རྩོམ་སྙན་ངག་གསོན་ཉམས་ལྡན་པ་དེའི་ནང་། གངས་ལྗོངས་ཀྱི་རྒྱབ་རྟེན། ནམ་ཡང་འགྱུར་མེད་ཀྱི་བརྗིད་ཉམས་ཆེ་བའི་གངས་རི་དང་དེའི་ཡོན་ཏན་ལས་ཆད་པའི་གངས་ཅན་པ་ཚོའི་ཁྱད་ཆོས་གླེང་ཡོད། ལྷན་རྒྱས་གཟའ་མཇུག་སྤྲོ་པོ་ཡོང་བར་སྨོན། 

After five weeks here in NYC of sheltering in and working from our homes, we have almost lost track of what day it is. But turns out today is Friday, and the start of the weekend calls for an uplifting poem. Let’s enjoy this Poetry Month contribution from poet Tsering Kyi, who is based in the Washington D.C. area. She reads her own work “Snow Mountain of Samsara,” expressing the indomitably proud and compassionate spirit of Tibet–and of Tibetans–as embodied in its majestic, unchanging snowy mountains. 

Wishing all of you a healthy and safe weekend. 


སྲིད་པའི་གངས་རི།

  ཚེ་རིང་སྐྱིད།     ༼ ཨ་རི།༽ 

རིགས་རྒྱུད་ཅིག་གི་ཞེ་རྩས་བཏེགས་པའི་བརྗིད་ཆགས་ཀྱི་གངས་རི་ནི།
སུས་ཀྱང་འགྲན་པར་མ་ནུས་པའི་གོ་ལའི་གཙུག་རྒྱན་གྱི་མུ་ཏིག་ཡིན།
དུས་རབས་བརྗེ་ཞིང་ལོ་ཟླ་བཞུར་བའི་འགྱུར་བག་སྟོང་ཕྲག་གི་སོ་ཁ་རུ།
རླུང་གིས་དེད་པའི་ས་རྡུལ་གྱིས་མ་གཡོགས་ཤིང་།
ཚ་བས་ཁྱེར་བའི་དྲོད་ཚད་ཀྱིས་མ་གཞུས་པ།
ཡ་གླིང་གི་མཐོ་སར་འགྱིངས་པའི་ས་སྟེང་གི་རྒྱན་ཆ་དེ་ཨཱང་།
ནུབ་ཏུ་རི་ཀློང་ལ་མེ་ལྕེ་མཆེད་དུས།
ཤར་དུ་རྒྱ་མཚོ་རླུང་གིས་སྐྱོམས་དུས།
ཤར་ལྷོ་ནུབ་བྱང་གང་དུ་འཇིག་རུང་གི་གོད་ཆག་མང་དུས།
མེས་པོས་བསང་གསོལ་དང་མཉམ་དུ་རྟ་དམག་གིས་སྲུངས་པའི་ཤར་གྱི་གངས་རི་དེ།
འཁྲུལ་སྣང་གིས་བཞེངས་ཤིང་རྨི་ལམ་བར་མཐོང་བའི་མཛེས་སྡུག་གི་འཆར་ཡན་ཙམ་ག་ལ་ཡིན།
གངས་ལྗོངས། བདག་གི་གྲིབ་གཟུགས་ལ་འབྱར་བའི་ཡིད་འོང་གི་ཕོ་བྲང་དཀར་པོ།
མི་ལ་ལས། ཁྱེད་ཀྱི་པང་ཁར་འཚོ་མཁན་ནི་རྨོངས་པའི་མི་སྡེ་ཅིག་ཏུ་འབོད་ལ།
མི་ལ་ལས། ཁྱེད་ཀྱིས་གསོས་པའི་ཡིད་འོང་གི་རྟ་ནོར་ལུག་གསུམ་ཡང་དུས་རབས་ཀྱིས་བརྗེད་པའི་སྒོ་ཕྱུག་ཅིག་ལ་འགྲེལ།
འོན་ཏེ། ཟླ་བའི་གོ་ལར་འཕུར་མྱོང་བ་ཚོས་གངས་རི་དང་རྩྭ་ཐང་གི་རྣམ་འགྱུར་གླེང་དུས།
ད་དུང་དེའི་པང་ནས་མི་ལོ་སྟོང་ཕྲག་ལ་འཚོས་པའི་གདོང་དམར་བའི་སེམས་ཁམས་ལ་སྨོན་དུས།
མི་ཡུལ་གྱི་དག་ཞིང་དུ་འབོད་པ་ནི་གླེན་པའི་ལབ་བརྡོལ་ཞིག་ག་ལ་ཡིན།
མཚམས་རེར། འཇིག་རྟེན་འདི་ཡངས་ཤིང་རྒྱ་ཆེ་ལ། འཁོར་བ་ནི་མཐའ་ཡས་པའི་རྒྱ་མཚོ་དང་འདྲ།
ལན་རེར། འཇིག་རྟེན་འདི་ཆུང་ཞིང་གུ་དོགས་ལ། འཚོ་བ་ནི་སྐྱིད་སྡུག་གཉིས་ཀྱི་འཐབ་ར་དང་འདྲ།
ཡར་ཀླུང་གཙང་བོ་དང་མ་ཕམ་གཡུ་མཚོས་བསྐོར་ཞིང་།
རྨ་འབྲུ་རྫ་གསུམ་གྱིས་ཆུ་བོ་ལ་ལུང་ཁུགས་པར་བཞུར་ས་རུ།
སྲིད་པའི་གངས་ཚོམས་ནི་སེམས་ཀྱི་སྲུང་མ་ལྟར་འགྱིངས་པས།
ཞེན་ཆགས་དང་འཁྲེང་སེམས་ཀྱང་བསྐལ་བ་སྟོང་ལ་མ་འཇིག་པའི་གངས་རི་ལྟར།
རྒོད་པོ་འཕུར་ཤུལ་དུ། བྱ་ཁྱུ་གཡས་བསྐོར་རྒྱག་སའི་གངས་རི་དེ།
ཉི་མ་རྒྱང་ལ་བཞུད་རྗེས་ཟླ་བས་རྒྱང་གཟིགས་མཛད་སའི་གངས་རི་དེ།
ཁ་ཆར་བུ་ཡུག་རྒོད་དུས་དང་སྒོ་ཁྱིའི་ཟུག་སྐད་འབྱིན་པའི་མཚན་མོ་རེ་རེར།
ལོ་ལོན་ཚོས་ཕྱག་ཟུང་བྲང་ཁར་སྦྱར་ཏེ་གངས་རི་ལ་ཅེར་ཚུལ་དེ།
བྱིས་པ་ཚོའི་ཡ་ཆུང་ལ་བཞག་པའི་གཏམ་རྒྱུད་ཅིག་གི་ས་བོན་ཡིན།
གངས་རི་སྔར་ལྟར་འགྱིངས་ན་རྒོད་པོ་འབབ་སའི་བྲག་ཐེམ་ཡོད་ལ།
གངས་རི་འདི་ལྟར་འགྱིངས་ན་བྱ་ཁྱུའི་འཕུར་ལམ་ལ་ནོར་འཛོལ་ག་ལ་ཡོད་དེ། མ་ཡོད་དོ།
རྒས་སོང་ཡང་རུལ་མ་སོང་བའི་མི་ཚོགས་ཤིག་གིས་སྲུངས་པའི་ང་ཡི་སྲིད་པའི་གངས་རི།

   བོད་རྒྱལ་ལོ་༢༡༤༦། ༡༢། ༡༨ ཉིན་རྒྱལ་ས་ཝ་ཤིན་ཀྲོན་གྱི་ཇ་ཁང་ཞིག་ཏུ།

Tags: , , , , ,
Latse