གླེང་སློང་།

དེང་སང་ང་ཚོས་རྒྱུན་དུ་གོ་ཞིང་བཤད་པའི་ཚིག་གཅིག་ཡོད།  དེ་ནི་ “འཇིག་རྟེན་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་བཞིན་འདུག་”ཟེར་བ་འདི་ཡིན།  མི་རྣམས་ལ་ཚོར་བ་འདི་སྐྱེས་པའི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་ན་ཡང་།  རྒྱུ་རྐྱེན་གཙོ་བོ་ཞིག་ནི་མི་རྣམས་ཀྱིས་འཇིག་རྟེན་འདིའི་ཡུལ་གྲུ་སོ་སོ་ན་གནས་པའི་མི་རྣམས་ཀྱིས་ཕན་ཚུན་གྱི་ཤེས་རྟོགས་ཇེ་ཞིབ་དང་ཇེ་གསལ་དུ་འགྲོ་བཞིན་པ་འདིས་ཡིན།   མཐོ་བ་ཧི་མ་ལ་ཡའི་རི་རྒྱུད་དུ་འཚོ་བའི་ང་ཚོ་བོད་པ་དང་དམའ་བ་རྒྱ་མཚོ་ཆེན་པོའི་འགྲམ་ན་འཚོ་བའི་མི་རྒྱུད་དཀར་པོའམ་ནག་པོ།  ཡང་ན་སེར་པོ་གང་ཡིན་ཡང་རུང་།  ཕན་ཚུན་གྱི་གནས་ཚུལ་རྒྱང་བསྒྲགས་བརྒྱུད་ནས་ཉན་ཐུབ།  བརྙན་འཕྲིན་བརྒྱུད་ནས་བལྟ་ཐུབ།  ཡིག་ཐོག་བརྒྱུད་ནས་ཀློག་ཐུབ་པ་མ་ཟད།  ད་དུང་མི་དང་མི་དངོས་སུ་ཐུག་ནས་ཕན་ཚུན་གྱི་ཤེས་རྟོགས་བྱེད་བཞིན་ཡོད།  ང་ཚོ་བོད་པ་དང་བོད་ཡུལ་ལ་མཚོན་ན་ཡང་།  ང་ཚོས་ཕར་ཤེས་རྟོགས་བྱེད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་ལྟར་གཞན་གྱིས་ང་ཚོ་ཤེས་རྟོགས་བྱེད་པ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།  དེང་སང་རྒྱལ་ཁབ་མང་པོའི་ནང་ན་བོད་རིག་པ་ཟེར་བའི་རིག་ཚན་ཞིག་དར་ཡོད་པ་འདི་ནི་གཞན་གྱིས་ང་ཚོ་ཤེས་རྟོགས་བྱེད་པའི་མཚོན་རྟགས་ཡག་པོ་ཞིག་རེད།  འོ་ན་ཕྱི་རྒྱལ་བ་སྟེ། ལྷག་པར་དུ་ང་ཚོ་དང་ཡུལ་གྱིས་ཧ་ཅང་བསྐལ་བའི་ནུབ་ཕྱོགས་པ་དེ་དག་གིས་ང་ཚོ་ཤེས་རྟོགས་བྱེད་པ་ག་དུས་འགོ་ཚུགས་པ་རེད་ཅེ་ན།  དྲི་བ་འདི་ལ་ལན་བརྒྱབ་པར་ནུབ་ཕྱོགས་པ་རྣམས་ཀྱིས་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ཙམ་གྱི་སྔོན་ཏེ།  རང་རེའི་སྟོན་པ་བཅོམ་ལྡན་འདས་དང་ཕལ་ཆེར་དུས་མཉམ་གྱི་སྐབས་སུ་གྷི་རིག་ལ་བྱོན་པའི་ལོ་རྒྱུས་སྨྲ་བ་ ཧེ་ར་དྷོ་ཋ་སི་(Herodotus)ཡིས་རྒྱ་གར་བྱང་རྒྱུད་ཀྱི་གཏམ་རྒྱུད་ “གྲོག་མ་གསེར་རྐོན།”ཞེས་པ་ཞིག་ཡིག་ཐོག་ལ་བཀོད་ཡོད་པ་དེ་ནས་འགོ་འཛུགས་པར་བྱེད།    འདིར་ང་ཚོས་གཏམ་རྒྱུད་གང་ནས་བྱུང་བ་དང་།  གཏམ་རྒྱུད་ཀྱི་ནང་དོན་ཅི་ཡིན།  ཕྱིས་ཀྱི་ཞིབ་འཇུག་པ་རྣམས་ཀྱིས་གཏམ་རྒྱུད་འདི་ཇི་ལྟར་བོད་དང་སྦྲེལ་བའི་སྐོར་རིམ་བཞིན་འགོད་པར་བྱེད། 

ཀ  ལོ་རྒྱུས་སྨྲ་བ་ཧེ་རོ་ཌོ་ཋ་སི་(Herodotus)

ཧེ་ར་དྷོ་ཋ་སི་ཡི་མི་ཚེ་ལོ་རྒྱུས་ནི་ཁོང་གི་བརྩམས་ཆོས་ལས་དུམ་བུ་ཐར་ཐོར་བསྒྲིག་རྒྱུ་མ་གཏོགས་ལོགས་སུ་མགོ་རྔ་ཚང་བ་ཞིག་རྙེད་དཀའ་བར་བཤད།  ཁོང་ནི་ནི་སྤྱི་ལོ་སྔོན་གྱི་༤༨༤ ལོའི་ཡས་མས་ལ་གྷི་རིག་གྲོང་ཁྱེར་ཆུང་ཆུང་ཧ་ལི་ཁར་ ན་ས་སི་ (Halicarnassus) ཟེར་བ་སྟེ། དེང་སང་གི་ཏུར་ཀེ་རྒྱལ་ཁབ་ཀྱི་བྷོ་དྲུམ་(Bodrum)ཞེས་པར་འཁྲུངས་པར་བཤད་ཅིང་།  ཕལ་ཆེར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དང་དུས་མཉམ་ཡིན།   ཁོང་གི་ཁྱིམ་ཚང་ཕྱུག་པོའམ་ཡང་སྐུ་དྲག་གི་ཁྱིམ་ཞིག་ཏུ་འཁྲུངས་ཡོད་སྲིད་པའི་ཚོད་དཔག་བྱེད།  ཁོང་བྱིས་པའི་དུས་སུ་ཁོང་འཁྲུངས་སའི་གྲོང་ཁྱེར་ཧ་ལི་ཁར་ ན་ས་སི་ཟེར་བ་དེ་ཕེར་བཞེན་བཙན་རྒྱལ་(Persian Empire, 波斯帝国)གྱི་དབང་འོག་ཏུ་ཤོར་ཏེ།  ལེག་དྷ་ མི་སི་ (Lygdamis) ཟེར་བའི་གཏུམ་སྤྱོད་ཀྱི་མངའ་བདག་ཅིག་གིས་དབང་སྒྱུར་བྱས་པར་ཁོང་གི་ཁྱིམ་མི་ཚང་མ་ས་མོ་སི་(Samos)ཟེར་བའི་གླིང་ཕྲན་ཞིག་ལ་བཙན་བྱོལ་དུ་འགྲོ་དགོས་བྱུང་ཡོད།  ཕྱིས་སུ་ཁོང་གྲོང་ཁྱེར་ཧ་ལི་ཁར་ ན་ས་སི་ལ་མངའ་གཏུམ་སྤྱོད་དེ་ལ་གྱེན་ལོག་གི་ལས་འགུལ་ལ་ཞུགས་པར་འཁྱུག་ཙམ་ཞིག་ལ་ཡོང་བ་མ་གཏོགས་གྲོང་ཁྱེར་དེར་ཁོང་གི་སྐུ་ཚེ་གང་བོར་་ཕེབས་མེད་པར་བཤད།  ཁོང་གཞོན་ནུའི་དུས་ནས་བཟུང་ཡུལ་སྐོར་འགྲུལ་རྒྱ་ཆེན་པོ་བྱས་ཡོད་པ་དང་།  འབྱོར་བ་ཅན་གྱི་ཁྱིམ་མི་ཞིག་མིན་སྐབས་དེར་དེ་འདྲའི་འགྲུལ་སྐྱོད་བྱེད་ནུས་མེད་པར་འདོད།  ཧེ་ར་དྷོ་ཋ་སི་ཡི་ཞིབ་འཇུག་པ་རྣམས་ཀྱིས་ཁོང་གིས་མཚོ་ཐོག་དང་སྐམ་ས་གཉིས་ཀ་ནས་རྒྱ་མཚོ་ནག་པོ་ (Black Sea)དང་།  སེ་རི་ཡ( syria)།  དེང་སང་པ་ལི་སི་ཏན་དང་ཨི་ཇིབ་སོགས་ལ་འགྲུལ་སྐྱོད་བྱས་ཡོད་པའི་ཚོད་དཔག་བྱེད།  འགྲུལ་སྐྱོད་འདི་དག་གི་སྐབས་ལ་སླེབས་སའི་ཡུལ་གྲུ་དག་དང་དེ་དག་གི་ཡུལ་སྲོལ་སོགས་ལ་དོ་སྣང་རྒྱ་ཆེར་བྱས་ཡོད་པ་དེས་ཁོང་གི་ “ལོ་རྒྱུས་”ཞེས་པའི་བསྟན་བཅོས་འདི་རྩོམ་པར་ཕན་རླབས་མི་ཆུང་བ་ཡོད་པར་མངོན།  ཁོང་རྒྱུན་བཞུགས་ཀྱི་གྲོང་ཁྱེར་ལ་ཨ་ཋེན་སི་(Athens)ཟེར་ཞིང་།  དེར་ཁོང་ལ་མིང་གྲགས་ཀྱང་གང་འཚམས་ཤིག་རྒྱས་པར་གྱུར།  ཁོང་གིས་ཁྲོམ་ཚོགས་སུ་རང་གི་བརྩམས་ཆོས་བཀླགས་ནས་ཀློག་ཡོན་བླངས།  སྤྱི་ལོ་སྔོན་གྱི་ ༤༤༥ ལོར་ཁོང་གིས་གྲོང་ཁྱེར་དེར་ཤེས་ཡོན་དར་སྤེལ་བཏང་བ་ལ་གྲོང་ཁྱེར་དེའི་མི་རྣམས་ཀྱིས་ཁོང་ལ་སྐབས་དེའི་དངུལ་ལོར་ཋ་ལེནད་ཟེར་བ་བཅུ་ཐམ་པ་(དེང་སང་གི་ཨ་སྒོར་ལ་ཕབ་ན་ཨ་སྒོར་འབུམ་གཉིས་ཙམ་ཡིན་པར་བཤད།)བྱ་དགའ་འབུལ་ཡུལ་ལ་བདམས།  ལོ་རྒྱུས་ཐོག་ཁོང་གི་སྙན་གྲགས་གནས་རྐྱེན་ནི་ “ལོ་རྒྱུས་”ཞེས་པའི་བསྟན་བཅོས་འདི་ཡིན།    ཁོང་གི་འདས་ལོ་གསལ་པོ་ཞིག་སུ་ལ་ཡང་བཤད་རྒྱུ་མེད།   ཕལ་ཆེར་སྤྱི་ལོ་སྔོན་གྱི་ ༤༣༠ ཡི་རྗེས་སུ་ཡུན་རིང་མ་ལོན་པར་འདས་ཡོད་པའི་ཚོད་དཔག་བྱེད། -པད་མ་འབུམ་ནས།

Tags: , ,
Latse