You are here

Latse Announcement

ཁྱེད་ཅག་མང་པོ་ཞིག་ནི་ལ་རྩེ་དཔེ་མཛོད་ཀྱི་གྲོགས་པོ་བཟང་པོའམ། ཡང་ན་ལ་རྩེ་དཔེ་མཛོད་ལ་རྒྱུས་མངའ་ཡོད་པ་ཤ་སྟག་རེད། གཅིག་བྱས་ན་ཁྱེད་ཀྱིས་འདས་པའི་ལོ་ཟླའི་ནང་ལ། ལ་རྩེས་གཉེར་བའི་ཚོགས་འདུའི་ལས་རིམ་མམ། སྦྱོང་བརྡར། ཡང་ན་འཆད་ཁྲིད་ཀྱི་འཛིན་གྲྭ་གང་རུང་ཞིག་ལ་ཞུགས་མྱོང་ཡོད་སྲིད། ཡང་ན་ཞིབ་འཇུག་གི་དྲི་བ་བྱེ་བྲག་ཅིག་ཡིད་ལ་བཅངས་ནས་ལ་རྩེར་ཕེབས་མྱོང་ཡོད་སྲིད་ལ། ཡང་ན་ང་ཚོའི་ལས་བྱེད་གང་རུང་ལ་འབྲེལ་བ་གནང་མྱོང་ཡོད་སྲིད། དེ་མིན་ཡིད་དུ་འོང་ཞིང་ཁུ་སིམ་གྱི་ང་ཚོའི་དཔེ་མཛོད་ཁང་ལ་དཔེ་དེབ་ཀློག་ཏུ་ཡོང་མྱོང་ཡང་སྲིད། ནེའུ་ཡོག་གི་མན་ཧ་ཊན་གྲོང་ཁྱེར་གྱི་གྲོང་ཚོ་ནུབ་ཀྱི་ནང་ལ་ཆགས་པའི་ལ་རྩེ་དཔེ་མཛོད་ཁང་ནི་རྒྱུ་ཆ་ཕུན་སུམ་ཚོགས་པའི་ལྟེ་གནས་ཤིག་དང་། རྣམ་དཔྱོད་ཅན་གྱི་ལས་གཞི་སྣ་ཚོགས་ཀྱི་སྤེལ་གནས་དང་དཔེ་སྐྲུན་བྱེད་ས། རིག་གཞུང་གི་ཆེད་ལས་མཁས་པ་དང་དཔེ་མཛོད་རིག་པའི་ཆེད་མཁས་དང་ལྡན་པ་ཞིག་ཡིན་ལ། འདི་ནི་འཛམ་བུ་གླིང་འདིའི་སྟེང་ལ་དེང་རབས་བོད་རིག་པའི་དམིགས་བསལ་གྱི་ལྟེ་གནས་ཤིག་ཏུ་གྱུར་ཡོད། ལ་རྩེ་དཔེ་མཛོད་ཁང་ནི་བོད་ཀྱི་སྤྱི་ཚོགས་དང་ཞིབ་འཇུག་པའི་སྡེ་ལ་བོད་ཕྱི་ནང་གཉིས་ཀྱི་ཞིབ་འཇུག་པ་དང་སྒྱུ་རྩལ་པ། རིག་གནས་ཀྱི་མི་སྣའི་བྱ་བ་དང་མཛད་རྗེས་སྟོན་སའི་དོ་ར་རྩིས་ཅན་ཞིག་ཏུ་གྱུར་ཡོད།

ལ་རྩེ་དཔེ་མཛོད་ཁང་ནི་༢༠༠༣ལོར་ཀུན་ཕན་ཐེབས་རྩ་ཚོགས་པའི་རིག་གཞུང་གི་ལས་གཞི་ཞིག་གི་ངོ་བོའི་ཐོག་ཕྱག་བཏབ། དེ་ནི་ཀུན་ཕན་ཐེབས་རྩ་ཚོགས་པས་བོད་ཀྱི་ཕྱི་ལོགས་ལ་སྤེལ་བའི་ལས་གཞི་གཅིག་པུ་དེ་ཡིན། འདས་ལོའི་ཟླ་བ་གསུམ་པའི་ནང་ལ་ང་ཚོས་དཔེ་མཛོད་ཁང་འདི་དབུ་བརྙེས་ནས་ལོ་ངོ་ཅོ་ལྔ་འཁོར་བའི་དགའ་སྟོན་བྱས་པ་ཡིན། དཔེ་མཛོད་ཁང་ཞིག་གི་ངོ་བོའི་ཐོག་ནས། ང་ཚོས་བོད་ཀྱི་སྐད་ཡིག་དང་། སློབ་གསོ། དེ་བཞིན་ཤེས་བྱ་ཁྱབ་སྤེལ་ཡོང་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། ད་ལོ་ནས་བཟུང་། ལ་རྩེ་དཔེ་མཛོད་ཁང་གིས་སྔར་ཡོད་ཀྱི་འགན་འཁྲི་རྣམས་མུ་མཐུད་ནས་རྒྱུན་འཁྱོངས་ཐོག ད་དུང་ལས་འགན་གསར་པ་རྒྱ་བསྐྱེད་བྱེད་བཞིན་ཡོད། ང་ཚོས་ཁེ་གཉེར་མི་བྱེད་པའི་སྤྱི་ཚོགས་ཀྱི་ཚོགས་པ་གསར་པ་ཞིག་ལ་གོམ་ཁ་བསྒྱུར་ནས་ཚོགས་པ་དེར་"ལ་རྩེ།”ཞེས་མིང་སྟབས་བདེ་ཞིག་བཏགས་ཡོད།

ལ་རྩེ་གསར་པས་སྐད་ཡིག་དང་ཡིག་རྨོངས་སེལ་བ་ལ་སྐུལ་འདེད་དང་། ཤེས་ཡོན་དང་ཚེ་གང་གི་སློབ་སྦྱོང་ལ་ཤུགས་སྣོན། དེང་རབས་བོད་མིའི་སྣ་འཛོམས་ཀྱི་འཚོ་ལམ་ཇེ་ཕྱུག་ཏུ་གཏོང་བའི་གསར་བཏོད་དང་དོན་གཉེར་ལ་རྒྱབ་སྐྱོར་བྱེད་པ་བཅས་ལ་བརྟེན་ནས་བོད་ཀྱི་རིག་གཞུང་གསོན་གནས་དང་རྒྱུན་མཐུད་ཡོང་བའི་ལས་དོན་བསྒྲུབ་རྒྱུ་ཡིན།

དཔེ་མཛོད་ཁང་ཅིག་དང་རིག་གཞུང་ལྟེ་གནས་ཤིག་གི་ཉམས་མྱོང་དང་ལྡན་པའི་ཆ་ནས། ལྟེ་གནས་འདི་རིགས་ཀྱི་ཞུ་སྒོ་དང་ཕུགས་བསམ་ལ་ལྷག་བསམ་འགྱུར་མེད་ཀྱིས། ལ་རྩེ་གསར་པས་སྔར་བཞིན་རིག་གནས་དང་འབྲེལ་ཡོད་ཀྱི་སློབ་གསོའི་ལག་ཆ་གསར་བཏོད་དང་། མཐུན་རྐྱེན་དང་རྒྱུ་ཆ་མཁོ་འདོན་གྱི་ཐབས་ལམ་གསར་པ་དང་འཁྲུག་ཆ་དོད་པོ་ལ་བརྟེན་ནས། སྔར་ལས་མང་བ་དང་སྟབས་བདེ་བའི་ཤེས་བྱ་ཐོབ་ལམ་མཁོ་འདོན་གྱི་ལས་དོན་བསྒྲུབ་རྒྱུ་ཡིན།
སློབ་ཡོན་དང་རོགས་དངུལ་སྤྲོད་པའི་ལས་གཞི་བརྒྱུད། ལ་རྩེ་ནས་བོད་པའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཆེད་དུ་བོད་པ་ཚོས་གཉེར་བའི་ལས་གཞི་དང་། དེ་དག་གི་བསམ་བློ། དེ་བཞིན་གསར་གཏོད་ཀྱི་བྱ་བཞག་སྤེལ་མཁན་མི་སྒེར་ལ་རྒྱབ་སྐྱོར་དང་སྐྱེད་བསྲིང་བྱས་ནས། སྐད་ཡིག་དང་རིག་གཞུང་ཤེས་རྟོགས་གོང་སྤེལ་དང་ཡུན་གནས་ཡོང་བར་འབད་པ་བྱ་རྒྱུ་ཡིན།

ལ་རྩེ་གསར་པའི་ལས་བྱེད་དཔུང་ཁག་ནི་ལས་བྱེད་ཉུང་ཡང་ལས་ཆོད་ཆེ་ལ་ནུས་པ་སྣ་འཛོམས་ཡིན་པ། ངེད་ཅག་ཐུན་མོང་གི་ངོས་ནས་སྐད་ཡིག་དང་། རྩོམ་རིག རིག་གཞུང་། སྤྱི་ཚོགས་ཡར་རྒྱས་ཀྱི་ལས་རིགས། དེ་བཞིན་དཔེ་མཛོད་ཀྱི་ཆེད་ལས་སོགས་ཀྱི་ཉམས་མྱོང་དང་ཤེས་བྱ་ཕུན་སུམ་ཚོགས་པ་འཛོམས་ཡོད།

ལ་རྩེས་སྔར་བཞིན་མུ་མཐུད་གནས་ཡུལ་ས་གནས་སྲང་ལམ་ 132 Perry Street རུ། དམིགས་བསལ་ཉར་ཚགས་བྱས་པའི་དཔེ་དེབ་དང་། དུས་དེབ། སྒྲ་དང་བརྙན་གཟུགས་ཀྱི་རྒྱུ་ཆ། དེ་བཞིན་དཔེ་དཀོན་དང་རྒྱུ་ཆ་གཞན་པ་རྣམས་བདག་གཉེར་དང་མཁོ་འདོན་བྱ་རྒྱུ་ཡིན་པས། དངོས་སུ་དཔེ་མཛོད་ལ་ཕེབས་པའམ། དེ་བཞིན་དྲ་རྒྱ་དང་སྤྱི་ཚོགས་འབྲེལ་མཐུད་མ་ལག་བརྒྱུད་ནས་ང་ཚོར་འབྲེལ་གཏུགས་གནང་ན་ཆོག

ང་ཚོས་ང་ཚོའི་མདུན་ན་བརྐྱངས་པའི་ལམ་དེ་ལ་བགྲོད་པར་རེ་སྒུག་བྱས་ཡོད་ཅིང་། ང་ཚོས་དམིགས་ཡུལ་གསར་པ་དང་། གྲོགས་པོ་དང་ལས་རོགས་གསར་པ། དེ་བཞིན་བྱེད་སྒོ་གསར་པ་དེ་དག་ལག་བསྟར་བྱེད་པར་དགའ་ཚོར་བྱེད་བཞིན་ཡོད། ཁེ་ལས་མིན་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་གི་ངོས་ནས་བཤད་ན། ང་ཚོའི་དཀའ་ངལ་ཆེ་ཤོས་ནི་མ་དངུལ་འཚོལ་སྒྲུབ་བྱེད་རྒྱུ་དེ་རེད། འོན་ཀྱང་། གྲོགས་པོ་རྙིང་པ་དང་། མ་འོངས་པའི་གྲོགས་པོ་གསར་པ་རྣམས་ཀྱིས་ང་ཚོའི་བསྒྲུབ་བྱའི་འཆར་སྣང་གསར་པ་དང་འགན་འཁྲི་གསར་པ་དེ་དག་བསྒྲུབ་པར་རོགས་རམ་དང་དཔུང་སྦྲེལ་བྱས་ནས་ཐུན་མོང་གིས་བོད་པའི་སྤྱི་ཚོགས་ལ་སྲི་ཞུ་མཉམ་སྒྲུབ་གནང་བའི་ཡིད་ཆེས་ཡོད།

ང་ཚོས་ད་བར་བསྒྲུབས་ཟིན་པའི་ལ་རྩེ་དཔེ་མཛོད་ཁང་གི་གྲུབ་འབྲས་ཚང་མ་ཀུན་ཕན་ཐེབས་རྩ་ཚོགས་པ་ཕྱག་འདེབས་མཁན་དང་དེའི་ཚོགས་གཙོ་ཨན་ཌི་ཡ་སོ་རོ་སི་ཀོ་ལོམ་སྦེལ་དང་། ཚོགས་གཙོ་གཞོན་པ་ཨེ་རིག་ཀོ་ལོམ་སྦེལ་རྣམ་གཉིས་ཀྱི་ཐུགས་དཀྱེལ་ཡངས་པོ་དང་གཏོང་ཕོད་ཀྱི་རོགས་མགོན་མེད་ན་སྒྲུབ་ཐབས་མེད་ཅིང་། ཁྱེད་ཅག་ནི་ཀུན་གྱི་མིག་དཔེ་བཟང་པོ་ཞིག་དང་། སྙིང་སྟོབས་སྦྱིན་མཁན་ཞིག་ཡིན། ཀུན་ཕན་ཐེབས་རྩ་ཚོགས་པ་འདི་སྒོ་རྒྱག་པའི་སྐབས་འདིར། ང་ཚོ་རང་ཉིད་ཀྱི་རྐང་པའི་ཐོག་ལ་ལངས་ནས་རང་ཉིད་ཀྱི་ཡར་རྒྱས་ལ་སྙེག་པའི་དམིགས་བསལ་གྱི་གོ་སྐབས་འདིར། ཁྱེད་ཅག་གིས་ང་ཚོར་ཡིད་ཆེས་དང་སྙིང་སྟོབས་སྦྱིན་བྱུང་།

ལ་རྩེ་གསར་པ་དེ་པེ་རི་སྲང་ལམ་༡༣༢ (132 Perry Street)གྱི་ཐོག་རྩེགས་གཉིས་པའི་ནང་ལ་ཟླ་བསྒྲིལ་གཏོང་བའི་སྐབས། ང་ཚོའི་ཁྱིམ་མཚེས་གསར་པ་ཞིག་ཐོག་བརྩེགས་གོང་མར་སྔོན་མའི་ལ་རྩེའི་དཔེ་ཀློ་ཁང་དེར་སྤོས་ཡོད་ཅིང་། དེ་ནི་"ད་ལྟ་འདིར།"ཞེས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཡུལ་གྱི་ཚོགས་ཁང་གསར་པ་ཤིན་དུ་ཡིད་དུ་འོང་བ་ཞིག་ཏུ་བསྒྱུར་ཡོད་པས། ང་ཚོས་དེ་ལ་དགའ་བསུ་ཞུ། ཚོགས་ཁང་གསར་པ་འདིའི་དམིགས་ཡུལ་ནི་མི་དམངས་ཀྱི་བྱེད་སྒོ་དང་། གསར་གཏོད་ལ་རྒྱབ་སྐྱོར་དང་། རིག་གཞུང་དབར་ལ་བརྗེ་ལེན་ཡོང་བར་འབད་བརྩོན་བྱེད་རྒྱུ་དེ་ཡིན། ཁོང་ཚོས་འཆད་ཁྲིད་ཀྱི་འཛིན་གྲྭ་སྣ་ཚོགས་དང་། འགྲེམ་སྟོན། དེ་བཞིན་འདུ་འཛོམས་བཅས་ཀྱི་བྱེད་སྒོ་སྤེལ་བ་བཅས་ལ་ང་ཚོ་སྤྲོ་བ་འཕེལ། ཁྱེད་ཅག་རྣམ་པར་ཁོང་ཚོའི་ཐུན་མོང་མ་ཡིན་པའི་བྱེད་སྒོ་དག་ལ་མཉམ་ཞུགས་གནང་བའི་རེ་སྐུལ་ཞུ།

ང་ཚོའི་དྲ་རྒྱ་དང་སྤྱི་ཚོགས་འབྲེལ་ལམ་ཁག་ད་ལྟ་གསར་པ་བཟོ་བཞིན་པའི་སྒང་ཡིན་པས། མ་འོངས་པའི་གསར་འགྱུར་དང་གནས་ཚུལ་གསར་པ་རྣམས་ལ་དེ་དག་བརྒྱུད་ནས་དོ་སྣང་གནང་རོགས།

ད་ལྟའི་ལ་རྩེའི་ཚོགས་མི་སྟེ། པད་མ་འབུམ་དང་། བསྟན་འཛིན་དགེ་ལེགས། ཨི་རགཔེ་ཌའོ་ཝིཛི། དེ་བཞིན་ང་རང་ཉིད་བཅས་ནས་མ་འོངས་པར་ཁྱེད་ཅག་མཉམ་དུ་བྱ་བ་བསྒྲུབ་པར་སྤྲོ་བའི་ངང་རེ་སྒུག་བྱེད་བཞིན་ཡོད་ལགས།

འཛིན་སྐྱོང་འགན་འཛིན།
ཁི་རི་སི་ཋི་ན་ ཌེ་ལི་ཡ་ཁོ། Kristina Dy-Liacco